༄༅། །གསང་བདེ་འཇིགས་གསུམ་སོགས་ཀྱི་བསྙེན་ཡིག་བཞུགས་སོ། ། ༄༅། །གསང་འདུས། འཇིགས་བྱེད་སོགས་བླ་མེད་བརྒྱུད་ཀྱི་ཕྱོགས་སུ་གཏོགས་པ་དང། རྣལ་འབྱོར་རྒྱུ་དམན་ཆད་ཀྱི་ལུགས་ལ་བདག་བསྐྱེད་ཀྱི་མཆོད་པ་རང་གི་གཡས་ཕྱོགས་ནས་མགོ་བརྩམ་མདུན་བསྐྱེད་ ཀྱི་མཆོད་པ་རྟེན་ཚུར་ཞལ་གཟིགས་པའི་གཡས་དང་རང་གི་གཡོན་ངོས་ནས་མགོ་བརྩམ། བདེ་མཆོག་ལ་བདག་བསྐྱེད་ཀྱི་མཆོད་པ་རང་གི་གཡོན། མདུན་བསྐྱེད་ཀྱི་མཆོད་པ་རྟེན་གྱི་གཡོན་དང། རང་གི་ [174A]༄༅། །གཡས་ནས་མགོ་བརྩམ་ཏེ་བཤམས་གཏོར་མ་རྟེན་གྱི་མདུན་ཕྱོགས་སུ་བཤམས་པ་ཡིན་ཅིང། གཏོར་རྒམ་ལྟ་བུར་འཇོག་ན་འོས་འགབས་སུ་འཇོག་འཇིགས་བྱེད་ལ་ཐུན་བཞིའི་བསྙེན་པ་བྱེད་ཚེ། ཐུན་དང་པོ་ལ་སྔོན་ འགྲོའི་གཏོར་མ་ནས་ཉེར་བསྡུའི་བར་ཏེ་འཇིགས་བྱེད་ཕྱག་གཉིས་པའི་ང་རྒྱལ་གྱིས་ལངས་ཏེ་ཐུན་འཚམས་བྱེད། གཉིས་པ་དང་གསུམ་པ་ལ། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཞེས་པ་ནས་མགོ་བརྩམ་ཞིང་གཞན་ ཐུན་འཚམས་བྱེད་པའི་བར་སྔ་མ་དང་འདྲ། ཐུན་བཞི་པ་ལ་མགོ་བརྩམ་ཚུལ་ཕྱི་མ་དང་འདྲ་ཞིང། ཉེར་བསྡུའི་མཐར་གཉིད་ཀྱི་འོད་གསལ་ལ་འཇུག་གསང་འདུས་ལ་ཐུན་དང་པོར་སྔོན་འགྲོའི་གཏོར་མ་ནས། དགེ་བ་འདི་ཡིས་མྱུར་དུ་བདག་ཅེས་སོགས་ གྱི་བར། གཉིས་པ་གསུམ་པ་གཉིས་ལ། རང་ཉིད་མི་བསྐྱོད་རྡོ་རྗེར་གསལ་བའི་ཞེས་པ་ནས་མགོ་བརྩམས་ཏེ་འཇུག་སྔ་མ་ལྟར། བཞི་པ་ལ་མགོ་བརྩམ་པ་ཕྱི་མ་དང་འདྲ་ཞིང། རང་གི་ལུས་ཀྱི་ཆ་སོ་སོ་ལ་ཟིམ་པར་གྱུར་ཞེས་པའི་འཇུག་ཏུ་རང་གི་ལུས་ ཀྱི་ལྷ་རྣམ་སྣང། སྦྱན་མ། སའི་སྙིང་པོ། །གཟུགས་རྡོ་རྗེ་མ། བྱམས་པ། གཤིན་རྗེའི་གཤེད། མི་གཡོ་བ་རྣམས་རིམ་གྱིས་འོད་གསལ་ལ་ཐིམ་ཞེས་པ་ནས། གཙོ་བོ་ཡང་འོད་གསལ་དུ་ཐིམ་པར་གྱུར། ཞེས་གཉིད་ཀྱི་འོད་གསལ་ལ་འཇུག་བདེ་མཆོག་ ལ་ཐུན་དང་པོ་ལ་སྔོན་འགྲོ་གཏོར་མ་ནས། སྲིད་པ་གསུམ་འབར་སྐུ་ནི། ཞེས་སོགས་ཀྱི་བར། གཉིས་པ་གསུམ་པ་གཉིས་ལ་མགོ་ཤྲཱི་ཧེ་རུ་ཀ་ཧི་ནི་ཀུན་གྱི་འབྱུང་གནས་སུ་གྱུར་བའི་སེམས་དེ་རྒྱུའི་ཞེས་པ་ནས་འཇུག་སྔ་མ་ལྟར། བཞི་པ་ལ་མགོ་བརྩམས་ པ་ཕྱི་མ་ལྟར་དང། འཇུག་ནཱད་ཡང་སྒྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཚད་ཙམ་དུ་གྱུར་ཏེ། དེ་ཡང་མི་དམིགས་པར་གྱུར། ཞེས་གཉིད་ལ་འཇུག་གསུམ་ཀར་གཏོར་མཐུན་བཞི་ཀའི་སྐབས་སུ་འབུལ་ཐུབ་ན་ཤིན་ཏུ་ལེགས། མཐུབ་ན་ཐུན་བཞི་བའི་མཐར་ ཕུལ་བས་ཆོག་བསྙེན་པའི་སྐབས་སུ་མདུན་བསྐྱེད་མི་དགོས་གཏོར་མགྲོན་ལོགས་སུ་གསལ་འདེབས་དགོས། གཙོ་འཁོར་རྣམས་ཀྱི་གྲངས་བསྙེན་སོང་རྗེས་ཐུན་བཞིའི་ཆོག་སྔ་མ་ལྟར་དང། བཟླས་པའི་གཙོ་འཁོར་རྣམས་ཀྱི་སྔགས་བརྒྱ་ནས་ཉེར་ [174B] བཟླས་པའི་དམིགས་པ་ཆོ་ག་རང་རང་ན་གསལ། ཡེ་ཤེས་འབེབས་སྔགས་བཟླས་པའི་ཚེ་རང་བཞིན་གནས་ནས་བཞུགས་པའི་འཇིགས་བྱེད་སོགས་ལས་ལྷ་རང་འདྲ་དཔག་ཏུ་མེད་པ་ འཕྲོས་ཏེ། རང་ལ་ཐིམ་པའི་དམིགས་པ་བྱེད། རི་ཁྲོད་ལྟ་བུར་འདུག་ཚེ་རང་གི་ཡི་དམ་གྱི་ལྷ་དང་ཆོས་སྐྱོང་བསྟེན་ཆོག་པ་གཞིང་བཅས། གཞན་ཡང་བླ་མ་མཆོད་པ་སོགས་ཁ་ཏོན་གྲུབ་ན་ལེགས། མ་གྲུབ་ཀྱང་བླ་མ་དང་ཡི་དམ་དབྱེར་མེད་དུ་མོས་པའི་ངང་ ནས་ཡི་དམ་གྱི་ལྷ་ལ་ཚིག་དྲིལ་བྱས་ཀྱང་ཆོག་ཚེ་འདི་དང། འཆི་ཁ་དང། ཕྱི་མ་གང་ལའང་གསང་བདེ་འཇིགས་གསུམ་ཀ་གང་རུང་རེ་ཡི་དམ་དུ་བྱས་ནས་བསྒོམ་བཟླས་བྱས་ན་དེ་ལས་ལྷག་པ་ཅི་དགོས། འདིར་དེའི་ལན་མདོར་བསྡུ་ཙམ་བགོད་པ་ཡིན་གྱི། རྒྱས་པར་ གཞན་ལས་ཤེས་པར་བྱ། ཅེས་པ་འདི་ནི་ལྷ་ཁང་སེར་པོའི་དགེ་སློང་ཤེས་རབ་རྒྱ་མཚོས་དྲི་བ་འགའ་ཞིག་བྱས་པའི་ལན་དུ་སྙོམས་ལས་པར་ངང་དབང་བློ་བཟང་ཆོས་ལྡན་གྱིས། བྲིས་པའོ།། །།དགེའོ།། ལེགས་སོ།།